བཟོད་པ་གཡུ་ལོ།

Posted on Dec 01, 2022Read on Mirror.xyz

སློབ་གྲྭར་འགྲོ་དོན།

མགར་བཀྲ་ཤིས་བསམ་འཕེལ།(རྔ་བ།)

ངའི་ཕ་ཡུལ་དུ་དགའ་སྡུག་ཆེ་བའི་མི་ལ་དབྱར་ཁའི་གནམ་ངོ་ཞེས་ཟུར་ཟ་བྱེད་སྲིད།དབྱར་ཁའི་གནམ་ངོ་ནི་ཧ་ཅང་འགྱུར་ལྡོག་ཆེ་སྟེ།ཆར་བ་བབས་བྱུང་སྙམ་དུས་ཡང་ཆར་བ་འབབ་མཚམས་བཞག་ནས་ཉི་འོད་ཀྱི་ཟེགས་མས་བར་སྣང་ལ་འོད་ཀྱི་སྐུད་པ་འཐེན།ཉི་མ་དྲོ་ཡོང་སྙམ་དུས་སྐད་ཅིག་ཉིད་ལ་ཆར་བ་སྦྲུམ་པའི་སྤྲིན་ནག་གི་ཕུང་བོ་ལང་ལོང་འཁྲུགས་ནས་ཆར་བ་འབབ་པའི་སྟ་གོན་བྱེད།

ངའི་ཨ་ཕ་ནི་དགའ་སྡུག་ཅན་གྱི་མི་ཞིག་ཡིན།ལྷག་པར་དུ་གནམ་གཤིས་ལ་བསྟུན་ནས་སེམས་ཁམས་ལ་འགྱུར་ལྡོག་གཏོང་བ་ཞིག་ཡིན་ཞེས་བཤད་ཀྱང་ཆོག་པ་འདྲ།གང་ལྟར་དེ་རིང་གི་ཁོ་ནི་དབྱར་ཁའི་གནམ་ངོ་དང་ཧ་ཅང་འདྲ་སོང་།གནམ་གཤིས་སྐྱིད་དུས་སེམས་ཁམས་ཡང་སྐྱིད་པ་དང་། ཆར་བ་འབབ་ཉིན་མང་ཆེས་ཤོས་སུ་ཁོང་ཁྲོ་ལངས་དགོས་སྙམ་པའི་འདུ་ཤེས་ཞིག་བཟུང་ནས་གདོང་ལ་འཇིགས་སྐུལ་བའི་ཉམས་ཞིག་ཀྱང་དོད་ནས་འདུག གདོང་གི་རྣམ་འགྱུར་དེ་དབུགས་ཆེན་པོ་ཡོད་པའི་ལྒང་དབུགས་ཞིག་གད་ལ་ཉེ་བ་ཅི་བཞིན་རང་ཤུགས་ཀྱིས་ནང་མི་དག་ལ་ཞེད་སྣང་ཞིག་དང་སེམས་ཆུང་བྱེད་པའི་མངོན་བརྡ་ཞིག་སྟེར་འོང་།སྐད་ཆ་བཤད་དུས་དང་ཁྱིམ་ལས་ཙག་ཙིག་སོགས་གང་ཡིན་རུང་གཟབ་གཟབ་ངང་མ་བྱས་ན་ལྒང་དབུགས་ཆེན་པོ་དེ་རང་ཐོག་ལ་གད་ཉེན་ཆེ་བ་དེའོ།

དེ་རིང་ཉིན་གུང་གྲོང་བརྡར་ཐོག་ནས་དགོས་དགོས་མཁོ་མཁོ་རེ་ཉོས་ཚར་རྗེས།ངེད་ཅག་རླངས་འཁོར་ལ་བསྡད་ནས་ཕྱིར་ཕ་ཡུལ་ལ་བསྐྱོད་མགོ་བརྩམས་པ་ཡིན།དབྱར་ཁའི་གནམ་གཤིས་འདི་ནི་ཁ་ཏན་ཚིག་ལ་མི་གནས་པའི་མི་ཞིག་དང་འདྲ་བར།སྔ་དྲོ་ཉི་འོད་ཀྱི་ཟེགས་མ་ས་གཞིར་འཕྲོས་ཏེ་ཚ་གདུང་གིས་གཟོད་པར་དཀའ་བའི་གནས་ཞིག་ཏུ་བསྐྱལ་ཡང་།ད་ནི་སྤྲིན་ནག་གི་ཕུང་བོ་དུམ་བུ་དང་དུམ་བུ་འཁྲིགས་ནས་ཆར་འབབ་གྲབས་བྱེད་བཞིན་བདའ། ཨ་ཕས་རླངས་འཁོར་གྱི་ཁ་ལོ་སྣུམ་མཛོད་ས་ཚིགས་ལ་བསྒྱུར་བཞིན“འདྲེ་གནམ་པོ་ཡང་འབབ་རྒྱུ་རེད”ཞེས་བཤད།ཨ་མས་རླངས་འཁོར་གྱི་དྲ་མ་ལས་ཕྱི་རོལ་ལ་བལྟ་བཞིན་ཧ་ཅང་ཡིད་ཆད་པའི་ཉམས་ཞིག་དོད་དེ“ཆར་འབབ་རྒྱུ་མང་སོང་ན་དགུན་ས་ལ་རྩྭ་ཡག་པོ་ཞིག་སྐྱེ་རྒྱུ་མ་རེད”ཞེས་བཤད།ཨ་ཕས་མུ་མཐུད་དུ་བཤད་རྒྱུར“འདྲེ་གནམ་པོ་འབབ་རྒྱུ་མ་གཏོགས་མི་ཤེས་ནོ”ཞེས་འཁང་ར་བྱས་བྱུང་།དེ་འཕྲོར་ཀུན་གྱི་སྨྲ་སྒོ་བཅད་པས་སྐད་ཅིག་ལ་ཁུ་སིམ་མེར་གྱུར།

སྐྱི་གཡའ་བའི་ལྷིང་འཇགས་དེ་འཁྱག་རླུང་ཞིག་ལ་འཐིམ་ཏེ་རླངས་འཁོར་གྱི་གྲུ་ག་བཞི་ནས་ལྡིང་བྱུང་བས་ངའི་ལུས་སེམས་གཉིས་ལ་འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་གིས་ཡོངས་སུ་རྡེག་བྱུང་།ཚོར་བ་དེ་ཡེ་ནས་སྐྱིད་པོ་ཞིག་མ་བྱུང་།སྣུམ་མཛོད་ས་ཚིགས་ལ་ཐོན་རྗེས་ཨ་ཕས་རླངས་འཁོར་འཁོར་བཀག་གི་ཤུགས་ཀྱིས་ཅིག་མནན་པས་རླངས་འཁོར་ལྡེམ་ལྡེམ་གྱིས་ངང་ནས་བསྡད་བྱུང་བ་དང་།སྐྱི་གཡའ་བའི་ལྷིང་འཇགས་དེ་ཡང་རླངས་འཁོར་དང་ས་ངོས་ཀྱི་བཙིར་སྒྲ་དང་མཉམ་དུ་གཞི་ནས་ཡལ་སོང་།ཨ་ཕས་ལག་པ་གཡོན་གྱིས་སྒེའུ་ཁུང་ཕྱེས་པ་དང་མཉམ་དུ་སྐད་གདངས་མཐོ་ལ་བྱང་ཆ་ལྡན་པའི་སྒོ་ནས“ཅའ་མན(加满)ཅའ་མན”ཟེར་ནས་རྒྱ་སྐད་ཀྱིས་སྣུམ་བླུགས་དགོས་པས་བརྡ་འཕྲོད་པར་བྱས་སོང་།རྒྱུན་པར་ཨ་ཕས་སྐད་གདངས་མཐོན་པོ་བྱེད་སྐབས་ང་ལ་རང་ཤུགས་ཀྱིས་ཚིག་པ་ཞིག་ཟ་ཡོང་།ལྷག་པར་དུ་མི་མང་པོས་ཁྲོད་ནས་སྐད་གདངས་མཐོན་པོ་བྱེད་སྐབས།དེ་ནི་བྱང་ཚད་མེད་པའི་གཤིས་ཀ་ཞིག་ཡིན་སྙམ་སྟེ་ཨ་ཕའི་ང་རང་ངོ་ཚ་གཏད་སོང་སྙམ་པས་བསམ་བློ་ཞིག་ཀྱང་སྐྱེས་ཡོང་།ལན་རེར་ཨ་ཕ་ལའང་ཁག་མེད་སྣང་སྐྱེས་ཏེ་འབྲོག་པ་ཚོས་ལུང་བའི་ཕུ་ནས་ཕན་ཚུན་ལ་བརྡ་བྱེད་སྐབས་ངེས་པར་སྐད་གདངས་མཐོ་དགོས་པས་ཁོ་རང་གོམས་ལོབས་སུ་སོང་བ་ཡིན་སྙམ་ནས་རང་སེམས་རང་གིས་གསོས་པ་ཡིན།སྣུམ་བླུགས་མཁན་གྱི་རྒྱ་མོ་དེས་སྣུམ་བླུགས་ཚར་རྗེས།ཁ་ཤ་དམུར་དམུར་གྱིས་ངའི་ཨ་ཕའི་གདོང་ལ་དམིགས་དེ་ཅིག་བཤད་བྱུང་།ང་རང་ཨ་ཕ་དང་བར་ཐག་ཆེས་རིང་བའི་འདུག་སྟེགས་དེའི་སྟེང་ན་ཡོད་པས་མོས་ཅི་ཞིག་བཤད་བྱུང་བ་ངའི་གོ་མ་བྱུང་།ལྷག་ཏུ་ཕྱི་རོལ་དུ་ཆར་བ་མ་བབས་སྔོན་གྱི་རླུང་བུ་ཕྲན་ཙམ་ཡང་ལྡིང་བཞིན་ཡོད་པས་རྒྱ་མོ་དེས་ཅི་ཞིག་བཤད་བྱུང་བ་ངའི་ངོ་མ་གོ་མ་བྱུང་།

ཨ་ཕས་རྒྱ་སྐད་མ་གོ་བས་ཁ་ཕྱིར་འཁོར་ནས“ཞི་ལུ་འདིས་ཅི་ཟེར་གི”ཞེས་བཤད་བྱུང་།ངའི་མ་གོ་བས་ལན་ལ“མ་ཤེས་ཐ”ཞེས་ཤོར་བས། ཨ་ཕ་ཅུང་ཁྲོ་བའི་ཉམས་ཀྱིས“སློབ་གྲྭར་བཏང་བཏང་ནས་དེ་ཙམ་གྱི་གོ་ཡང་མི་ཆོད་པ་ཡིན་ནམ”ཞེས་བཤད་ཀྱིན་དྲ་མ་གཏན་དེ་རླངས་འཁོར་གྱི་ཁ་ལོ་ཡུལ་ཕྱོགས་ལ་བསྒྱུར།སྣུམ་མཛོད་ས་ཚིགས་ཀྱི་རྒྱ་ངན་མ་དེ་ལན་པ་ཡིན་ནམ་ཡང་ན་གནམ་གཤིས་ངན་པ་དེ་ལན་པས་ཨ་ཕའི་སེམས་ཁམས་མི་སྐྱིད་པར་བཏང་བ་ཡིན།གང་ལྟར་གཟུགས་མེད་ཀྱི་དབང་འདུལ་ཆེན་པོ་ཞིག་གིས་ང་ཚོ་ལ་གནོན་ཤུགས་ཞིག་སྟེར་བྱུང་།ཁོའི་གདོང་གི་འཛུམ་ཡལ་ནས་རྣམ་འགྱུར་གནག་ཐེངས་རེར།ངའི་སེམས་སུ་དེ་ནི་ཆར་བ་འབབ་གྲབས་བྱེད་པའི་ནམ་མཁའི་སྤྲིན་ནག་གི་ཕུང་བོ་ཞིག་དང་ཤིན་ཏུ་འདྲ་སོང་།གང་ལྟར་གཟབ་ནན་གྱི་ངོ་གདོང་དེས་ང་ཚོ་ནང་མི་དག་དབང་མེད་ཀྱི་བག་འཁུམ་པར་བྱེད་ངེས་ཨ་མས་ངའི་ཕྱོགས་ནས་ལངས་ཏེ་ངའི་བཤད་པའི་སྐད་ཆ་ལ་བཟོ་བཅོས་ཀྱི་ཚུལ་དུ“ཞི་ལུའི་མ་གོ་ནི་རེད”བཅས་བཤད་བྱུང་།ཡིན་ཡང་ཨ་ཕས་དེ་ལ་ཁ་ཡ་མི་བྱེད་པར་མུ་མཐུད་དུ་བཤད་རྒྱུར“སློབ་གྲྭར་སོང་ནས་སྒོར་མོ་ཆུད་ཟོས་བྱེད་པ་ལས་ཅི་ཡང་མི་ཤེས་ངེད་ཕ་མ་གཉིས་ཀྱིས་ཁྱོད་རྗེས་ནས་བདེ་མོ་སྐྱིད་པོ་ཞིག་ཏུ་ཡོང་ཨེ་ཐུབ་བསམ་ནས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་ཁྱོད་ལ་སློབ་ཆེན་འདོན་དུ་བཅུག་པ་ཡིན།ཁྱོད་ཀྱི་ལས་བྱེད་པར་རྒྱུགས་མ་འཕྲོད་པར་ཕར་ཞོག ད་རྒྱ་ཡིག་རྒྱ་སྐད་ཀྱི་གོ་བརྡ་ཙམ་ཡང་མི་འཕྲོད་གི་རང་གི་རང་མགོ་ཡང་མི་ཐོན་གི་སློབ་གྲྭའི་ནང་ནས་སྐྱག་པ་ཞིག་སློབ་ནས ”ཞེས་སློབ་གསོ་དང་འཛིང་དམོད་འདྲེས་མའི་ཁ་བརྡ་བྱས་བྱུང་།སློབ་ཆེན་མཐར་ཕྱིན་ནས་ལོ་གཉིས་འགོར་ཡང་།གཞུང་ཞབས་ཀྱི་ལས་ཀ་མ་རེག་པར་ད་དུང་ཁྱིམ་དུ་ལུས་འདུག་པའི་རང་ཉིད་ཕལ་ཆེར་ཨ་ཕའི་སྔུན་ནས་ཕམ་ཁ་ཆེན་པོ་མྱོང་བའི་མི་ཞིག་དུ་གྱུར་འདུག གཡང་ལ་རྡོ་ཁ་དང་དྲིན་ཆེན་ལ་དྲིན་ལོག་ཞེས་པའི་དཔེ་ལྟར་ངའི་གཞུང་ཞབས་ཀྱི་ལས་ཀ་མ་རེག་པ་དེ་ཨ་ཕས་ང་རང་སློབ་གྲྭར་བཏང་བའི་དྲིན་ལན་འཇལ་མ་ཐུབ་པས་ཚོར་བ་ཞིག་ཀྱང་སྟེར་བྱུང་།ངའི་སེམས་སུ་སྙིང་ལྕགས་ཀྱིས་བཤད་པའི་སྐད་ཆ་ཞིག་དེ“དཔེ་ཀློག་ནི་ཁེ་དབང་ལོངས་སུ་སྤྱོད་པ་དེའོ”ཞེས་པས་ངས་དྲན་ཤེས་ཡང་ཡང་སྒུལ་བྱུང་།ད་དུང“སློབ་ཆེན་འགྲིམས་ན་གཞུང་ཞབས་པ་བྱེད་དགོས་པའི་ངེས་པའང་མེད། དཔེ་ཀློག་གིས་རིན་ཐང་གི་ལྟ་བ་དང་མཛེས་སྤྱོད་ཀྱི་ལྟ་བ་སོགས་མཐོར་འདེགས་གཏོང་ཐུབ”ཞེས་ཆེ་ཆེར་བཤད་ནས་ཆེ་ཆེར་འབོད་བསམ་མོད། དེ་ནི་རང་གི་གཞུང་ཞབས་པ་ལ་རྒྱུགས་མ་འཕྲོད་པར་ཁ་གཡར་ས་ཙམ་ལ་གྱུར་འགྲོ་བས་བསྲན་ཚུགས་ཀྱིས་སྨྲ་སྒོ་བཅད་དེ་འབབ་ཞོད་ཆེ་བའི་ཁྲོད་བསམ་གཞིག་གི་གློང་ཚུད།

ཨ་ཕས་མུ་མཐུད་དུ“ཁྱིམ་མཚེས་ཚང་གི་ངའི་སྲིང་མོ་ཞིག་ཡོད་པ་དེས་ལས་བྱེད་པ་ལ་རྒྱུགས་འཕྲོད་ཡོད”ཞེས་བཤད་བྱུང་།ཡིན་ཡང་ང་ལ་ཉན་འདོད་ཀྱི་འདུན་པ་ཡེ་ནས་མ་བྱུང་།ངས་བོད་ལྭའི་གོང་ཁ་ལ་ལག་སྙོབ་ཞིག་བྱས་ཏེ་མགོ་བོ་སྟིམ་པ་ཡིན།

Recommended Reading