བཟོད་པ་གཡུ་ལོ།

Posted on Dec 03, 2022Read on Mirror.xyz

འབྲུག་མོ་དང་རབ་བརྟན།

མགར་བཀྲ་ཤིས་བསམ་འཕེལ།(རྔ་བ།)

རབ་བརྟན་ནི་ད་ལོའི་ལོ་རིམ་དྲུག་པའི་མཐར་ཕྱིན་སློབ་མ་ཞིག་ཡིན་ཡང་། ཁོ་ལ་སློབ་སྦྱོང་བྱེད་པའི་འདུན་པ་ཡེ་ནས་མེད་པ་མ་ཟད། ནམ་རྒྱུན་གྲོགས་པོ་ལྷུན་གྲུབ་དང་མཉམ་དུ་རྩེད་མོ་ལ་གཡེང་བ་དང་མ་རབས་པྲ་ཚགས་ཀྱི་ལས་ཏག་ཏག་བྱེད་པའི་བྱིས་པ་ཞིག་ཡིན།

དེ་རིང་ཡང་ནམ་རྒྱུན་དང་འདྲ་བར་དགུན་གྱི་གནམ་གཤིས་ནི་ཧ་ཅང་འཁྱག འོན་ཀྱང་ཨ་མ་སྒྲོན་མཚོ་སྔ་མོ་ནས་མལ་ལས་ལངས་ཏེ་མེ་འབུད་ཐབ་ཕྱགས་དང་སྒོ་ཕྱི་ནང་གི་བྱ་བ་ཙག་ཙིག་ལས་བཞིན་འདུག ཁྱིམ་ནང་གི་བྱ་བ་ཙག་ཙིག་ལས་ཚར་རྗེས། མོ་རང་ཧ་ཅང་ཐང་ཆད་པའི་ངང་ཨ་ཡོ་ཡོ་ཟེར་བཞིན། ཕྱགས་མའི་མགོར་ཁེན་ཙམ་བྱེད་བཞིན་ཚི་དྲེག་ཆགས་པའི་ལྭ་བའི་ཕུ་ཐུང་གིས་གདོང་གི་རྔུལ་ཆུ་ཕྱི་ཙམ་བྱས། ཡུད་ཙམ་འགོར་རྗེས་མོའི་ཡང་བསྐྱར་བྱང་ཆ་ལྡན་པའི་ངང་ནས་ཕྱགས་མ་བཟུང་སྟེ་སྒོར་བུད་ནས་རྒྱ་རའི་ནང་གི་ཐང་ཕྱག་མགོ་བརྩམས། ཚེ་རིང་ཕ་བུ་གཉིས་ཀྱིས་ད་རུང་སྔུར་བ་འཐེན་བཞིན་རྨི་ལམ་གྱི་ཞིང་ཁམས་འགྲིམས་བཞིན་འདུག རྟ་བདུན་དབང་བོའི་ཚ་ཟེར་གྱིས་མཚན་མོའི་སྨག་རུམ་ཡོངས་སུ་བཅོམས་ནས་ས་གཞི་ཀུན་གསལ་བར་སྣང་དུས་སྒྲོན་མཚོའི་ཕྱགས་མ་སར་བཞག་ནས་ལག་མགོའི་དུས་ཚོད་ལ་བལྟ་ཙམ་བྱས་རྗེས་ཕྱིར་ཁྱིམ་ལ་འཛུལ་སོང་། མོའི་ལག་མགོའི་དུས་ཚོད་ཀྱི་ལུང་ཐག་སྔ་མོ་ནས་ཆད་ནས་སྐུད་པ་ཞིག་གི་ཁ་མཚམས་མཐུད་ཡོད། འོན་ཀྱང་མོ་ལ་གསར་བ་ཉོ་རྩིས་མེད།   མོ་ཚང་གི་ཁྱིམ་ཚང་ཤིན་ཏུ་ཕྱུག་པོ་ཞིག་མིན་ནའང་རྒྱབ་ལ་གོན་རྒྱུ་དང་ཁ་ཟ་རྒྱུར་སྡུག་མི་དགོས།  ལྷག་པར་དུ་སྒྲོན་མཚོར་ལག་ལས་ཀ་འཛོམས་ཤིང་བློ་རིག་པ་རྒོད་པའི་ཕྱི་སྡེ་བའི་ལས་ཀའི་ཕྱོགས་ནས་ཡིན་ནའང་འདྲ།  ནང་ཁྱིམ་གྱི་བདག་གཉེར་ཐད་ནས་ཡིན་ནའང་འདྲ།   ཕྱོགས་གང་ཐད་ནས་མི་མང་གི་ཡིད་སྨོན་དང་མིག་ལྟོས་བྱེད་སའི་བུད་མེད་ཞིག་དུ་གྱུར་ཡོད། རབ་བརྟན་མོའི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟར་གཅེས་ཤིང་། ལས་ཁག་པོ་ཡོད་ན་རང་གི་བྱེད། ཟས་ཞིམ་པོ་ཡོད་ན་ཁོ་ལ་སྟེར།  ཚེ་རིང་གིས་ནམ་རྒྱུན་མོ་ལ་ཁྱོད་ཀྱི་ལྭ་བ་དེ་བརྗེ་རན་རེད་ད་རྙིང་འདུག་ཞེས་བཤད་མོད།   མོའི་ད་རུང་གོན་ཐུབ།  སྒོར་མོ་ཡོད་ན་རབ་བརྟན་ལ་ལྭ་བ་གསར་བ་ཞིག་ཉོས་ཞེས་བཤད་སྲིད།

ཁྱིམ་དུ་སླེབས་རྗེས་སྒྲོན་མཚོའི་ངང་རྒྱུད་འཇམ་པོས་རབ་བརྟན་ལ་ཨ་མའི་མ་ལོ་ད་ཡར་ལོངས་མ་གཏོགས་སློབ་ཁྲིད་རྗེས་སུ་ལུས་རྒྱུ་རེད་ཅེསས་བཤད་ཀྱང་། རབ་བརྟན་གྱིས་མགོ་ཉལ་ཐུལ་གྱི་བཀབ་ནས་མ་གོ་ཁུལ་བྱས་ནས་ཁ་ཅི་ཡང་མ་གྲགས་པར་ཉལ་བསྡད།  སྒྲོན་མཚོས་དཀར་ཡོལ་ཞིག་བླངས་ནས་རྩམ་པ་རྫི་བཞིན་ཡང་བསྐྱར་རབ་བརྟན་ལ་མ་ལོ། ད་ཡར་ལོངས་མ་གཏོགས་རྗེས་སུ་ལུས་ན་དགེ་རྒན་གྱིས་གཅར་རྒྱུ་རེད་ཅེས་བཤད། རབ་བརྟན་ཅི་ཞིག་ལ་འདང་ཕོག་པ་ལྟར་མྱུར་མོར་ཡར་ལངས་ནས་ནངས་ཇ་འཐུང་བ་དང་། སློབ་མ་ཆུང་ཆུང་། དཔེ་ཁུག་ཆུང་ཆུང་ཞེས་པའི་གླུ་དབྱངས་དེ་ལེན་བཞིན་སློབ་གྲྭར་བུད་སོང་།

དགེ་རྒན་འཇལ་དཔལ་ལགས་ཀྱིས་ཁུག་མ་སྔོན་པོ་ཞིག་མཆན་ལ་བཙུར་ནས་སློབ་ཁང་ནང་ལ་འཛུལ་བྱུང་། སྐབས་དེར་སློབ་གྲོགས་ཡོངས་ཀྱིས་ངག་སྒོ་བཅད་ནས་སློབ་ཁང་འདི་ཧ་ཅང་ལྷིང་འཇགས་ལ་ལུས། དགེ་རྒན་འཇའ་དཔལ་ཧ་ཅང་ཡིད་ཚིམ་པའི་ངང་ནས་སློབ་གྲོགས་རྣམས་པ་ཁམས་བཟང་། དེ་རིང་ནས་བཟུང་སློབ་མགོ་གསར་བ་ཞིག་གི་མགོ་བཟུང་བ་རེད།

ད་ལོ་ཁྱེད་ཚོ་མཐར་ཕྱིན་སློབ་མ་གྱུར་ཟིན་ཞིང་། མི་ཚེ་ཡི་ཀྱོག་མཚམས་ཆེན་པོ་ཞིག་ལ་སླེབས་པ་རེད། དེས་རྐྱེན་གྱིས་སློབ་གྲོགས་རྣམས་ཀྱིས་འབད་པ་ལྷོད་མེད་ཀྱི་སློབ་སྦྱོང་བྱེད་དགོས་ཞེས་སློབ་གྲོགས་རྣམས་ལ་སློབ་སྦྱོང་ལ་ཤུགས་རྒྱག་དགོས་པའི་སྐུལ་ལྕག་གི་ཚིག་མང་པོ་ཞིག་བཤད་རྗེས། ཡ་ནང་ལ་ཤོག་ཞེས་ལག་གཡུག་ཅིག་བྱས་པ་ན།  བུ་མོ་ཆུང་ཆུང་ཞིག་གིས་དཔེ་ཁུག་སོ་མ་ཞིག་ཁུར་ནས་ནང་ལ་ཐོན་བྱུང་།  མོ་རང་ཧ་ཅང་ངོ་ཚ་བའི་ཚུལ་གྱིས་མགོ་སྒུར་སྒུར་དང་ལུས་སྒོང་སྒོང་བྱེད།  དེ་རིང་ནས་བཟུང་སློབ་གྲོགས་གསར་བ་འདི་ནི་ང་ཚོའི་འཛིན་གྲྭའི་སློབ་མ་ཡིན། མོའི་མིང་ལ་འབྲུག་མོ་ཟེར། ཕ་ཡུལ་ནི་རྔ་བ་རྫོང་གི་ཡིན་ཞེས་ངོ་སྤྲོད་མདོར་བསྡུས་ཞིག་བྱས་ཚར་རྗེས།   སློབ་གྲོགས་ཚོས་མ་གྲོས་རང་མཐུན་གྱི་སློབ་གྲོགས་གསར་བ་དེ་ལ་དགའ་བསུའི་ཐལ་མོ་རྡེབ་མགོ་བརྩམས། མོ་ནི་སྔར་ལས་ཀྱང་དོགས་མི་བདེ་བར་གྱུར་ནས་ངོ་གདོང་ཡང་དམར་པོར་གྱུར། ཅུང་ཙམ་འགོར་རྗེས་སློབ་གྲོགས་ཚོས་ཐལ་མོ་རྡེབ་མཚམས་བཞག་ཀྱང་ད་རུང་སློབ་གྲོགས་གཅིག་གི་ཐལ་མོ་རྡེབ་བཞིན་འདུག ཁོས་ཕལ་ཆེར་འབྲུག་མོར་བལྟས་ནས་སློབ་གྲོགས་ཚོས་ཐལ་མོ་རྡེབ་མཚམས་བཞག་པ་མ་ཚོར་བ་འདྲ། སློབ་གྲོགས་ཚོས་ཧད་འདུག་པའི་རབ་བརྟན་ལ་བལྟས་ནས་གད་མོ་བགད་པ་དང་། འབྲུག་མོས་ཀྱང་སུ་ཡིན་སྙམ་ནས་མིག་གི་བལྟ་ཙམ་བྱས་པ་ན་རབ་བརྟན་མོ་རང་ལ་ཧད་འདུག་པའི་བཟོ་ལྟ་སྙིང་རྗེ་དེ་མཐོང་ནས་རང་དབང་མེད་པར་རབ་བརྟན་ལ་བལྟས་ནས་འཛུམ་མདངས་ཞིག་ཤོར་སོང་། ད་གཟོད་རབ་བརྟན་གྱི་དྲན་པ་ཐོན་བྱུང་བ་འདྲ། ཁོ་རང་ངོ་ཚ་ནས་ལག་པས་མགོ་ལ་རག་ཙམ་བྱས་ལ་ཅི་བྱེད་འདི་བྱེད་མེད་པར་ལུས།  ཁོ་རང་འཚོགས་ཐུན་གང་བོར་སློབ་ཁྲིད་ལ་ཉན་འདོད་མེད་པར་འབྲུག་མོའི་འཛུམ་མདངས་དེ་བློ་ངོར་འཆར་བ་རེད།   མཐར་ཡང་བསྐྱར་འབྲུག་མོ་ཡོད་སའི་ཁ་ཕྱོགས་དེ་ལ་ཧད་འདུག་པ་དང་།  མོའི་མགོ་ནས་མཇུག  གཡས་ནས་གཡོན། ཐ་ན་རྐང་འབོབ་ཀྱི་ཁ་དོག་ལའང་ཞིབ་ལྟ་ཡང་ཡང་བྱས་ཟིན།

སློབ་ཐུན་གྲོལ་རྗེས་རབ་བརྟན་ལྷུན་འགྲུབ་ཡོད་སར་རྒྱུགས་ཡོང་ནས་འུ་རིག་ཐ།   འུ་རིག་ཐ་ཞེས་བཤད།  ལྷུན་འགྲུབ་ཀྱིས་ཆ་མ་འཚལ་བའི་ངང་ཨ་ཞེས་རབ་བརྟན་གྱི་གདོང་ལ་ཅེར་ནས་བསྡད། རབ་བརྟན་གྱི་མགོ་བོ་སྒུར་ནས་ལྷུན་འགྲུབ་ཀྱི་རྣ་རྩར་འབྲུག་མོ་ཡག་ག་ཞེས་བཤད་མ་ཐག   ལྷུན་འགྲུབ་ཀྱི་གདོང་ལ་འཛུམ་ཞིག་དོད་ནས་རབ་བརྟན་གྱི་གདོང་ལ་མཛུ་གུ་ཀེར་ནས་འོ་ཧོ་ཧོ།   ཤེས་ཐ་ཡ།  ཞེས་བཤད་མ་ཐག  རབ་བརྟན་འཚབ་འཚུབ་ངང་ལྷུན་འགྲུབ་ཀྱི་ཁ་ལག་པས་བཅད་ནས་སྐད་དམའ་མོས་ལྷུན་གྲུབ་ལ་ང་འབྲུག་མོར་དགའ་ནོ་གཞན་ལ་ཤེས་སུ་འཇུག་མི་ཉན་དེ་འུ་གཉིས་ཀྱི་གསང་བ་ཡིན།   ལྷུན་འགྲུབ་ཀྱིས་ཀྱང་ཧ་གོ་བའི་ཚུལ་གྱི་མགོ་བོ་ལྡེམ་ལྡེམ་བྱས།   བྱིས་དུས་ཀྱི་དགའ་བ་ནི་ཆེས་རྣམ་དག་གི་བརྩེ་བ་ཡིན་ལ།  ཁྱིམ་ཚང་གི་རྒྱབ་ལྗོངས་དང་དཔལ་འབྱོར།  ལས་གནས་སོགས་གང་གིས་ཀྱང་བཀག་རྒྱ་མི་ཐེབས་པ་རེད།   བྱིས་དུས་ཀྱི་དགའ་བ་དེ་ཞིམ་པོ་རྐང་གཅིག་ཡིན་ན་ཐང་།   ཡང་ན་འཛུམ་མདངས་ཐེངས་གཅིག་ཡིན་ན་ཐང་།

དུས་དེ་ནས་བཟུང་རབ་བརྟན་ནམ་རྒྱུན་འབྲུག་མོ་ཡོད་སར་སོང་ནས་འབྲུག་མོར་ཁ་བརྡ་བྱེད་པ་དང་འབྲུག་མོ་དང་མཉམ་དུ་རྩེད་མོ་རྩེ་བ་སོགས་བྱེད་ལ་ལན་རེར་འབྲུག་མོས་ཁོ་ལ་ངས་ལས་བྱ་འབྲི་དགོས། བར་ཆད་མ་བྱེད་ཅེས་མི་དགའ་བའི་རྣམ་འགྱུར་བསྟན་ཡང་།   ཁོ་རང་སུན་སྣང་མེད་པའི་སྒོ་ནས་འབྲུག་མོའི་གམ་དུ་བསྡད་དེ་འབྲུག་མོས་ལས་བྱ་འབྲི་བའི་ཚུལ་ལ་བལྟས་ནས་འདུག་སྲིད། གཞན་སློབ་སྦྱོང་མི་བྱེད་པ་དང་མ་རབས་ཀྱི་ལས་མཐའ་དག་ལ་ཞུགས་པའི་ཁོ་ནི་དགེ་རྒན་གྱི་བཀའ་བཀྱོན་གནང་སའི་གཏེ་བོའི་གྲས་ཤིག་ལ་གྱུར་ཟིན།  ནམ་རྒྱུན་དགེ་རྒན་གྱིས་ཁོ་ལ་མ་རབས་པྲ་ཚགས་ཁྱོད།མ་རབས་ཀྱི་ལས་གང་ཡིན་རུང་ཁྱོད་མེད་དུས་ཞིག་མེད། སྣབས་ཁ་ཞེས་སྡིགས་དམོད་བྱེད་སྲིད།   དེ་ཐེངས་གཅིག་ཐེངས་གཉིས་ག་ལ་ཡིན།  ད་ལྟ་བཤད་མཁན་གྱི་ཁ་ལ་བྱང་བ་དང་ཉན་མཁན་གྱི་རྣ་ལ་ལོབས་པ་བཞིན་དགེ་རྒན་གྱི་ནམ་རྒྱུན་ཁོ་ལ་རབ་བརྟན་སྣབས་ཁ།   པྲ་ཚགས་མ་བྱེད།   ཡག་པོ་བྱས་ནས་སློབ་ཁྲིད་ལ་ཉོན་ཞེས་བཤད་སྲིད།     ཁོས་ཀྱང་དགེ་རྒན་གྱི་བཀའ་བཀྱོན་གནང་བ་རྟོགས་ཡོད་པ་ནང་བཞིན་དགེ་རྒན་གྱིས་ཁོ་ལ་བལྟ་སྐབས་ཁོའི་དཔེ་ཆ་ཀློག་ཁུལ་དང་ལས་བྱ་འབྲི་ཁུལ་སོགས་བྱེད། རྗེས་ནས་སློབ་གྲོགས་ཚོས་ཁོ་ལ་རབ་བརྟན་སྣབས་ཁ་ཞེས་འབོད་གྱིན་འདུག  ཐོག་མར་ཁོ་རང་སྤོ་ལངས་ནས་མི་ལ་མིང་།   རྫ་མ་ལ་ལོང་ཞེས་ཁ་འཛིང་བྱེད་སྲིད་མོད།   འོན་ཀྱང་རྗེས་ནས་ཁོའི་རྣ་བར་ལོབས་སོང་བ་འདྲ།    རབ་བརྟན་སྣབས་ཁ་ཞེས་བོས་ཀྱང་།    ཁོས་འོ   འུན།   ཅི་རེད་ཅེས་པ་ལས་གཞན་གང་ཡང་མི་བཤད།

དེ་རིང་ཡང་སློབ་ཁྲིད་གྲོལ་རྗེས་ཁོ་རང་འབྲུག་མོ་ཡོད་སར་སོང་ནས་འབྲུག་མོ་ལ་ཁ་བརྡ་བྱེད་བསམ་མོད།  འབྲུག་མོས་ཁོ་ལ་ཕར་སོང་ངས་ལས་བྱ་འབྲི་དགོས་ཞེས་བཤད་པས་ཁོ་སྔར་དང་ནང་བཞིན་འབྲུག་མོ་གམ་དུ་བསྡད་དེ་འབྲུག་མོས་ལས་བྱ་འབྲི་བའི་ངང་ཚུལ་ལ་བལྟས་ནས་འདུག  ལན་རེར་འབྲུག་མོ་དང་རབ་བརྟན་གཉིས་ཁ་བརྡ་བྱས་ནས་བསྡད་ཡོད་སྐབས་འཛིན་གྲྭའི་ནང་གི་སློབ་གྲོགས་མ་རབས་འགས་བསམ་ནག་བྱས་ཏེ་རབ་བརྟན་དང་འབྲུག་མོ་གཉིས་དགའ་རོགས་རེད་ཅེས་བཤད་པ་དང་།  རབ་བརྟན་ལ་འབྲུག་མོའི་རྔ་མ་ཞེས་མིང་གསར་བ་ཞིག་ཀྱང་འདོགས་སྲིད། འོན་ཀྱང་ཁོས་མི་ཡག་ལ་མིང་མང་ཞེས་ཀུ་རེའི་ཚུལ་དུ་དགོད་ཙམ་བྱེད་པ་ལས་ཁོང་ཁྲོ་ལངས་ཀྱིན་མེད་པ་རེད།   འབྲུག་མོས་སློབ་གྲོགས་མ་རབས་དེ་དག་ལ་སྡང་མིག་ཅིག་བགྲད་རྗེས།   ངོ་ཚ་བའི་ཚུལ་གྱི་རབ་བརྟན་རང་གི་གམ་ནས་ལག་པས་འདེད་ཙམ་བྱེད་སྲིད།

དུས་ཚོད་དེ་གཟུགས་མེད་ཀྱི་རླུང་བུས་ང་ཚོ་དེད་ནས་ད་ནི་སློབ་སྐབས་གཅིག་མཇུག་སྒྲིལ་ནས་མཐར་ཕྱིན་ཉིན་མོ་ཐོན་ལ་ཉེ། འོན་ཀྱང་རབ་བརྟན་གྱི་སློབ་སྦྱོང་ནི་ཉིན་རེ་ནས་ཉིན་རེར་ཇེ་ངན་ཇེ་སྡུག་རེད།  ཐ་ན་དགེ་རྒན་གྱིས་ཀྱང་ཁོ་ལ་སྐྱོབ་ཐབས་མེད་སྙམ་ནས་ཁ་ཡ་བྱེད་ཀྱིན་མེད།   འབྲུག་མོ་སྦྱང་འབྲས་ནི་ཡར་ངོའི་ཟླ་བཞིན་ཉིན་རེ་ཞག་རེ་ནས་ཇེ་བཟང་རེད།   མོའི་ཨ་མ་ནི་སློབ་གྲྭ་འདིའི་དམའ་འབྲིང་དགེ་རྒན་ཞིག་ཡིན་པས་ཁྱིམ་ཚང་གི་སློབ་གསོ་དང་།  འབྲུག་མོའི་སློབ་སྦྱོང་ཐད་ལ་ནུས་པ་འབོར་ཆེན་ཐོན་ཡོད་པ་རེད།   མོ་རང་ཉིད་ཀྱི་ཀྱང་ལོ་ཐོག་ཟླ་བརྩེགས་ཀྱི་དཔེ་ཀློག་བྱེད་པ་དང་།  ལས་བྱ་དུས་ཐོག་ཏུ་བྲིས་པའི་ད་ལྟ་འཛིན་གྲྭའི་ནང་གི་སློབ་སྦྱོང་བཟང་ཤོས་ཀྱི་གྲས་ལ་ཚུད་འདུག  བར་རྒྱུགས་དང་མཇུག་རྒྱུགས་སོགས་ཀྱི་སྐབས་སུའང་མོའི་གཟི་བརྗིད་དཔང་ཡིག་མི་ཉུང་བ་ཞིག་བླངས་ཟིན།

མཐར་ཕྱིན་ཞེས་པའི་མིང་ཚིག་འདི་ཐོས་ཚེ་སློབ་གྲོགས་མང་པོ་ཞིག་ལ་དབང་མེད་ཀྱི་འཚུབ་ཆ་ཞིག་དང་གནོན་ཤུགས་ཤིག་ཡོད་པ་ནི་སྨྲ་མ་དགོས་པ་ཞིག་ཡིན།   འོན་ཀྱང་རབ་བརྟན་ལ་མཚོན་ན་འཚུབ་ཆ་ལངས་རྒྱུ་དང་གནོན་ཤུགས་སོགས་ཅི་ཡང་ཡོད་པ་མ་རེད།    མ་གཞི་ནས་མཐར་ཕྱིན་སློབ་མ་ཞིག་ལ་མཚོན་ན་སློབ་གྲྭ་དང་དགེ་རྒན་སོགས་བློས་གཏོང་མི་ཐུབ་པ་མང་པོ་ཞིག་ཡོད་པ་རེད།   རབ་བརྟན་ཡང་གཞན་དང་འདྲ་བར་བྲལ་མི་ཐུབ་པའི་མི་གཅིག་ཡོད་པ་རེད།  ཁོའི་ཡ་ཆུང་སྙིང་རྩར་རྡོག་རྡོག་ཏུ་ལུས་ཡོད་པ་དེ་ནི་འབྲུག་མོ་གཅིག་པུ་རེད།  ཁོའི་སེམས་སུ་ད་ནི་མཐར་ཕྱིན་ལ་ཉེ་བས་འབྲུག་མོར་རང་སེམས་ཀྱི་སྐད་ཆ་དེ་འཆད་མ་ཐུབ་ཚེ་རྗེས་ནས་ནམ་ཡང་གོ་སྐབས་ཡོད་མི་སྲིད་སྙམ་ནས་ཁོས་འབྲུག་མོ་བཙལ་ནས་རང་གི་ཡུན་རིང་ཁོག་ཏུ་སྦེད་པའི་སྐད་ཆ་དེ་དག་བཤད་དགོས་སྙམ།

ཉིན་དེའི་ཞོགས་པར་རབ་བརྟན་སྔ་མོར་ཡར་ལངས་ནས་སློབ་གྲྭར་བུད་སོང་། སྒྲོན་མཚོ་དང་ཚེ་རིང་གཉིས་ཀྱང་ཧ་ལས་སུ་བཅུག ཁྱིམ་མཚེས་གཡས་གཡོན་ཀུན་གྱིས་རབ་བརྟན་སྔ་མོ་ནས་སློབ་གྲྭར་བུད་སོང་བ་མཐོང་ནས་རང་གི་བུ་དང་བུ་མོ་ཚོ་ལ་ཨ་རོགས་ལ་བལྟ་ས་ཁྱིམ་མཚེས་ལ་ཉན་ས་རབ་བརྟན་སྔ་མོ་ནས་སློབ་གྲྭར་བུད་སོང་ཞེས་སྡིགས་དམོད་བྱེད་པ་དང་།  རབ་བརྟན་སྔ་མོ་ནས་སློབ་གྲྭར་བུད་སོང་བའི་སྐོར་ལ་ལབ་གླེང་སྣ་ཚོགས་བྱེད་བཞིན་འདུག   སློབ་གྲྭར་ཐོན་རྗེས་ཁོའི་དཔེ་ཀློག་བྱེད་བཞིན་པའི་འབྲུག་མོ་བཙལ་ཡང་ཁོ་རང་འབྲུག་མོ་གམ་ལ་ཐོན་དུས་ཁ་སྐྱེངས་ཤིང་ངོ་དམར་བོར་གྱུར་ནས་ཅི་ཡང་བཤད་མ་ཐུབ་པ་རེད།   འབྲུག་མོས་ཁོ་རང་ཚུར་ཡོང་བ་མཐོང་ནས་རབ་བརྟན། དེ་རིང་ཁྱོད་སྔ་མོ་ཡར་ལངས་ཡོད་གི་རེད། ཁོས་ང་ཞེས་སྐད་ཆ་མང་པོ་ཞིག་བཤད་དགོས་སྙམ་ཡང་།  མཐའ་མར་ངག་མི་འཁྲོལ་བའི་ངང་ལུས།  དང་ཐོག་མོ་རང་མཐོང་བའི་ཚོར་བ་དང་རྗེས་ཀྱི་དགའ་བ་དང་དུངས་བ་མོ་ལ་བཅངས་བའི་བརྩེ་བ།  མོའི་དགའ་ཕྱོགས་དང་འཆར་སྒོ་སོགས་ཕྱོགས་གང་མང་ཞིག་ནས་བཤད་དགོས་སྙམ་ཡང་སྐད་ཆ་མིད་པར་བརྣངས་ནས་ཅི་ཡང་བཤད་མ་ཐུབ།  དེ་ནས་ཁོས་ཐབས་གཞན་ཞིག་རྙེད་པ་དེ་ནི་འཕྲིན་ཡིག་འབྲི་རྒྱུ་དེ་རེད།   ཁོ་ཅི་ཞིག་བྲིས་པ་ཁོ་རང་ཉིད་ཀྱིས་ཡང་མ་ཤེས་མོད་ཁོ་རང་བསམ་གཞིག་གི་གླིང་ནས་རྟོགས་སད་བྱུང་དུས་ཤོག་དེབ་བཞི་ལྔ་ཙམ་བྲིས་ཟིན་དེ་ནི་ཁོ་རང་སློབ་གྲྭར་འགྲིམས་རྗེས་ལས་བྱ་ཀུན་ལས་ཀྱང་བྲིས་པ་མང་བའི་འཕྲིན་ཐུང་ཞིག་ཡིན་འདུག  ཁོ་རང་ཉིད་ཀྱིས་ཀྱང་ཤེས་གསལ་མེད་པ་ཞིག་ནི་ཁོའི་འཕྲིན་ཐུང་དེ་མང་ཆེ་ཤོས་སུ་ཡིག་ནོར་ཏག་ཏག་བྲིས་ཟིན།     ཁོས་འབྲུག་མོའི་གྲོགས་མོ་ཀླུ་མཚོ་བཙལ་ནས་འཕྲིན་སྐྱེལ་བར་བཏང་།

དེ་ནས་བཟུང་ཁོ་རང་འབྲུག་མོར་ངོ་གནོངས་ནས་འབྲུག་མོ་ཡོད་སར་འགྲོ་མི་ཕོད་པ་དང་།  འབྲུག་མོའི་ཡང་ཁོ་རང་མཐོང་ཚེ་གདོང་དམར་པོར་འགྱུར་ནས་མགོ་བོ་སྒུར་སྒུར་བྱེད། ཁོའི་འབྲུག་མོ་འཕྲིན་ལན་ཨེ་ཡོང་སྙམ་ནས་ཐེངས་མང་པོར་ཀླུ་མཚོ་བཙལ་ཡང་འཕྲིན་ལན་མ་ཡོད།   སློབ་མཐར་ཕྱིན་རྗེས་འབྲུག་མོའི་ཀླུ་མཚོའི་ལག་དུ་འཕྲིན་ལན་ཞིག་བསྐུར་ཡོང་བ་ནི་འདི་ལྟར།   ང་རང་མུ་མཐུད་དུ་སློབ་གྲྭ་བཏོན་ནས་མ་འོངས་པ་དགེ་རྒན་ཞིག་བྱེད་དགོས།   ཁོས་འབྲུག་མོས་བྲིས་པའི་སྐད་ཆ་དེ་མཐོང་རྗེས་ཁོའི་སེམས་ལ་ཡང་བསྐྱར་འཆར་གཞི་གསར་བ་ཞིག     ཕུགས་བསམ་སོ་མ་ཞིག  གདམས་ག་ལྷག་མ་ཞིག་ཐོབ་བྱུང་བ་འདྲ།   ཕྱིར་ཁྱིམ་ལ་ཐོན་དུས་ཁོས་ཨ་མ་སྒྲོན་མཚོར་ཨ་མ།     ང་རང་མུ་མཐུད་དུ་སློབ་གྲྭ་འགྲོ་རྒྱུ་ཞེས་བཤད།   ཨ་མ་སྒྲོན་མཚོ་དགའ་བའི་མིག་མཐར་མཆུ་མ་འཁོར་དེ་ངའི་ཞི་ལུའི་ད་བསམ་ཤེས་ཡོད་ཀི་ཞེས་བཤད།  ཞོར་ལས་ནས་ཐོན་མ་ཐག་པའི་ཚེ་རིང་གིས་རབ་བརྟན་པང་དུ་བཟུང་སྟེ་ན་ནིང་སློབ་གྲྭར་མི་འགྲོ་ཟེར་ནི་མིན་ནས་ཞེས་ཀུ་རེའི་ཚུལ་དུ་ཁོ་ལ་འཕྱ་དམོད་བྱས་པ་དང་རབ་བརྟན་གྱི་འགྲམ་པར་འོ་ཞིག་བྱས་ནས་སློབ་གྲྭར་སོང་ན་མདུན་ལམ་ལེགས་པོ་ཡོད་ནི་རེད་ཅེས་བཤད།

ལོ་གཅིག་གི་རྗེས་ནས་འབྲུག་མོ་དང་རབ་བརྟན་གཉིས་རང་རང་གི་ས་ནས་དམའ་འབྲིང་གི་སློབ་གྲྭ་འགྲིམས།   འབྲུག་མོའི་མཐར་མཇུག་གི་སྦྱང་འབྲས་ལེགས་པའི་རྫོང་ཐོག་ཏུ་སློབ་གྲྭ་འདོན་དུ་སོང་བ་དང་།   རབ་བརྟན་གྱིས་མུ་མཐུད་དུ་གྲོང་རྡལ་ཞིག་ནས་དམའ་འབྲིང་གི་སློབ་གསོ་མྱོང་།འབྲུག་མོ་སྔར་ལས་ཀྱང་སློབ་སྦྱོང་ལ་ཡར་ཐོན་བྱུང་ཡོད་པ་དང་།    ཡག་ངོ་སྒོ་འཛོམས་ཤིང་ལུས་སྐྱེ་གཟུགས་དྲང་བས་ཕོ་བརྒྱ་སེམས་པ་ཤོར།   མོ་བརྒྱ་སྙིང་རླུང་ལང་བའི་མེ་ཏོག་པད་མ་ལྟ་བུ་ཞིག་ཏུ་གྱུར་ཡོད།    གཞན་འཕྲིན་ཡིག་འབྲི་མཁན་གྱི་སློབ་གྲོགས་ཡང་མང་པོ་བྱུང་ཡོད།   རབ་བརྟན་གྱིས་ཀྱང་ནངས་སྔ་ལངས་དགོང་འཕྱི་ཉལ་གྱི་སློབ་སྦྱོང་བྱེད་བཞིན་འདུག   ཁོ་ལ་རྨང་གཞི་ཧ་ཅང་ཞན་པས་གཞན་གྱི་དུས་ཚོད་གཅིག་བཀོལ་སྤྱོད་བྱེད་པ་དེ་ཁོ་ལ་མཚོན་ན་དུས་ཚོད་གཉིས་དང་གསུམ།   ཐ་ན་དེ་ལས་མང་བ་བཀོལ་སྤྱོད་བྱེད་དགོས་འདུག  མཚམས་རེར་ཁོ་དུས་ཚོད་འགའ་མ་གཏོགས་ངལ་གསོ་བྱེད་ཁོམ་ཡང་མེད་པ་རེད།    སློབ་སྦྱོང་གི་སྦྱང་འབྲས་ལེགས་པོ་ལེན་རྒྱུ་དེ་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན།     ལྷག་པར་དུ་རབ་བརྟན་ལ་མཚོན་ན་དེ་བས་ཀྱང་མ་ཡིན།    ཁོས་ཡིག་གཟུགས་སྦྱོང་དགོས་པ་དང་ཡིག་ནོར་ཡོད་མེད་སོགས་དག་ཡིག་གསར་བསྒྲིགས་ལས་ཡང་ཡང་འཚོལ་དགོས།    ཁོའི་རྩོམ་ཡིག་ཅིག་བྲིས་ཡང་གང་ནས་མགོ་བརྩམས་པ་དང་གང་ནས་མཇུག་བསྡུ་བ་སོགས་ཁོ་ལ་མཚོན་ན་ཧ་ཅང་དཀའ་བའི་ལས་ཞིག་རེད།    མི་མང་པོ་ཞིག་གི་རབ་བརྟན་གྱི་རྒྱུན་འཁྱོངས་བྱེད་མི་ཐུབ་སྙམ་ཡོད་མོད།   འོན་ཀྱང་རབ་བརྟན་གྱིས་བརྩོན་པའི་ལག་ཟུང་དམ་དུ་སྦྲེལ་ནས་ནམ་ཡང་མ་ལྷོད།    འབྲུག་མོས་ཁོ་ལ་བསྐུར་བའི་འཕྲིན་ལན་དེའི་ཆེད་དུ་ཡིན་ན་ཐང་།   ཡང་ན་ཁོ་རང་ཉིད་ཀྱི་ཆེད་དུ་ཡིན་ནའང་ཐང་།   གང་ལྟར་བརྩོན་པ་ཞེས་པ་དེ་ད་ལྟ་རབ་བརྟན་གྱི་ཤ་གསེང་རུས་གཏིང་ལ་འཐིམས་ནས་ཡོད།     ཏག་ཏག་ལོ་གཉིས་ཀྱི་འབད་འབངས་ཁྲོད་རབ་བརྟན་གྱི་སྦྱང་འབྲས་ཉིན་རེ་ནས་ཉིན་རེ་ཇེ་བཟང་ཇེ་བཟང་རེད།  ད་ལྟ་དགེ་རྒན་རྣམས་ཀྱི་གཞུང་ལས་ཁང་གི་གླེང་གཞི་གཙོ་བོ་ནི་རབ་བརྟན་ཡིན་འདུག

དུས་ཚོད་ནི་སུའི་དོན་དུའང་མི་སྡོད་པ་ལ།དེས་ཐད་ནས་ཁྱོད་ལ་འདམས་ཀ་ཅི་ཡང་མེད་པ།  སྐད་ཅིག་ཉིད་རབ་བརྟན་ནི་མཐར་ཕྱིན་སློབ་མ་ཞིག་ལ་གྱུར།   ཁོས་ཁྱིམ་མི་དང་དགེ་རྒན་སོགས་ཀྱི་རེ་བ་སྟོང་ཟད་དུ་མ་བཏང་བར་རྫོང་ཡོངས་ཀྱི་དམའ་གསུམ་མཐར་ཕྱིན་སློབ་མའི་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ།   ཚེ་རིང་དང་སྒྲོན་མཚོ་གཉིས་དགའ་ནས་ཉིན་འགའ་ལ་ཁ་ཡང་ཟིམ་རྒྱུ་མེད་པར་གྱུར།  ཁོ་རང་ཡང་དགའ་ནས་གདོང་གི་མཛུམ་མདངས་དེ་རེ་ཞིག་ཡལ་རྒྱུ་མེད་པར་གྱུར་བ་དང་།ལྷག་པར་དུ་འབྲུག་མོ་ཡང་རྫོང་ཡོངས་ཀྱི་ཨང་བཅུ་བའི་ནང་ལ་ཚུད་འདུག་ཞེས་པའི་སྐད་ཆ་དེ་ཐོས་པ་ནས་བཟུང་།ཁོ་རང་ཉིན་འགའ་ལ་གཉིད་མི་ཁུགས་པར་གྱུར་ཡོད།

ལོ་གཅིག་གི་རྗེས་ནས་ཁོ་གཉིས་མཐོ་འབྲིང་གི་འཚོ་བ་གསར་བ་ཞིག་སྙེག་མགོ་བརྩམས་ཤིང་། ཡང་བསྐྱར་ལམ་ཀ་གསར་བ་ཞིག་ནས་མདུན་ལམ་འཚོལ་མགོ་བརྩམས། ཁོ་གཉིས་ཀྱི་སྦྱང་འབྲས་ཧ་ཅང་ཕུལ་བྱུང་ཡིན་པའི་ཁུལ་ཡོངས་ཀྱི་ཆེས་བཟང་བའི་མཐོ་འབྲིང་སློབ་གྲྭ་ཞིག་གི་བསྡུ་ལེན་བྱས་ཞིང་།   ཡང་བསྐྱར་སློབ་གྲོགས་སུ་གྱུར་བ་རེད།