བཟོད་པ་གཡུ་ལོ།

Posted on Nov 29, 2022Read on Mirror.xyz

འདས་ཟིན་པའི་འདང་དགོང་གི་རྨི་ལམ།

མགར་བཀྲ་ཤིས་བསམ་འཕེལ།(རྔ་བ།)                  

ཟི་ལིང་ལ་འགྲོ་བའི་མེ་འཁོར་འཛིན་བྱང་ཉོས་ཡོད་དམ་ཞེས་བཤད་གྱིན་བུ་མོ་ཞིག་ངའི་ལག་མགོར་འཇུས་བྱུང་།     དེ་ནི་ངའི་མཛའ་གྲོགས་ཡིན་འདུག    བཞིན་རིས་དཀར་གསལ་ཟླ་བ།    སྐྱེས་གཟུགས་ཚུགས་དྲུག་སྨྱུག་མ།   འཛུམ་མདངས་སེམས་ལ་འཕྲོད་པ།   གཤིས་ཀ་སྙིང་ལ་འབབ་པ།   ངེད་གཉིས་ཀྱི་མཛའ་གྲོགས་སྒྲིག་ནས་ལོ་གཅིག་དང་ཟླ་བ་ཁ་ཤས་འགོར་སོང་།   མཚོ་སྔོན་པོར་ཡུལ་བསྐོར་ལ་འགྲོ་རྒྱུ་དེ་ལོ་གཅིག་གི་སྔོན་ནས་འཆར་གཞི་བཟོས་པ་ཡོད་མོད།     ཡིན་ན་ཡང་ད་བར་དུ་མོ་རང་ཁོམ་པ་མ་བྱུང་།   སློབ་གྲྭའི་ནང་བྱ་བ་མང་བ་དང་དགེ་རྒན་ལག་རྟགས་ཀྱི་རྒྱུགས་གཞི་ལ་གྲ་སྒྲིག་བྱེད་དགོས་པའི་ཡུལ་བསྐོར་ལ་འགྲོ་རྒྱུ་དེ་འགོར་འགྱངས་བྱས་པ་རེད།    དེ་རིང་གཞི་ནས་ཁོམ་གླགས་བྱུང་སོང་།    རྒྱུགས་འབྲས་གང་ཡིན་ཡང་ཁོ་མོས་རྒྱུགས་བླངས་ཚར་སོང་།    སློབ་གྲྭའི་ཡང་ངལ་གསོ་བཏང་ཚར།    དེ་རིང་ནི་ངེད་གཉིས་ལ་མཚོན་ན་ཧ་ཅང་སྤྲོ་སྐྱིད་ལྡན་པའི་ཉིན་མོ་ཞིག་ཡིན་འདུག    ངའི་ཡང་ཁོ་མོས་ལག་མགོར་དམ་པོར་འཇུས་ནས་མེ་འཁོར་འཛིན་བྱང་ཉོས་ཚར།   པར་ཆས་ཞིག་ཀྱང་གཡར་ཡོད།   ད་ཐེངས་ངའི་ཁྱོད་འདྲ་པར་ཡག་པོ་མང་པོ་ཞིག་ལེན་ཆོག་ཞེས་བཤད།   མོ་རང་དགོད་གྱིན་ང་ལ་བཤད་རྒྱུར་ངེད་གཉིས་མཚོ་སྔོན་པོའི་འགྲམ་ནས་མཉམ་པར་ཆེན་པོ་ཞིག་ལེན་ཆོག   རྗེས་ནས་གཉེན་སྒྲིག་བྱེད་དུས་བཀོལ་ཆོག  དེ་ལ་ཕྱི་དྲན་གྱི་རིན་ཐང་ཆེན་པོ་ཡོད་ངེས་ཞེས་བཤད་བྱུང་།   ངས་ཀྱང་དེ་འདྲ་བྱས་ན་ཧ་ཅང་འགྲིག་སོང་སྙམ་ནས།   རང་དབང་མེད་པར་ཁ་ནས་ལོས་ཆོག    ལོས་ཆོག  ཞེས་ཤོར་སོང་།   ངའི་མོ་རང་ངོ་ཤེས་པ་ནས་བཟུང་མོ་ནི་མ་འོངས་པ་ལ་འཆར་གཞི་དང་མ་འོངས་པའི་འཚོ་བའི་ཐད་ལ་འབད་པ་བྱེད་པའི་བུ་མོ་ཞིག་ཡིན་འདུག    མོ་ནི་བུ་མོ་གཞན་པ་དང་གཏན་ནས་མི་འདྲ།   མོ་ལ་ནམ་ཡང་དམིགས་ཡུལ་ཞིག་ཡོད་པ་དང་དེ་ལ་འཆར་གཞི་ཞིག་ཡོད།    གནོན་ཤུགས་དེ་བས་ཆེན་པོ་ཞིག་ཡོད་པ་སྨྲ་མ་དགོས།     སློབ་མཐར་ཕྱིན་རྗེས་ལས་བྱེད་ལ་རྒྱུགས་འཕྲོད་རྒྱུ་དེ་ནི་ཁོ་མོའི་འཆར་གཞི་དང་དམིགས་ཡུལ་གཅིག་པོ་ཡིན་འདུག    ལན་རེ་མཛའ་གྲོགས་སྒྲིག་པ་དེས་ཁོ་མོའི་འཆར་གཞི་ལ་བར་ཆད་དང་དུས་ཚོད་ཆུད་ཟོས་བཏང་སོང་ཞེས་བཤད་སྲིད།    ང་ལ་གནས་སྐབས་ཀྱི་འཆར་གཞི་དང་དམིགས་ཡུལ་རེ་ཡོད་མོད།   མཐའ་གཅིག་པའི་དམིགས་ཡུལ་ཞིག་ཕལ་ཆེར་ཡོད་མ་མྱོང་།

ངེད་གཉིས་ཐེངས་དང་པོ་ངོ་འཕྲད་དུས་སློབ་གྲྭའི་སྒོ་འགྲམ་ནས་འཆམ་འཆམ་དུ་སོང་བ་ཡིན།    དེ་དུས་ད་དུང་ཆར་བ་འབབ་གྱིན་འདུག  ངོ་འཕྲད་མ་ཐག་པའི་ངེད་གཉིས་གཅིག་གི་གཅིག་ལ་ངོ་གནོངས་པ་དང་།    སྐད་ཆ་ཡང་མང་པོ་ཞིག་འཆད་མ་ཐུབ་པ་རེད།   འོན་ཀྱང་སྐབས་དེ་ཁོ་མོས་སྐད་ཆ་འགའ་དང་བྱ་བྱེད་འགའ་ད་དུང་ཡིན་ཡང་ངའི་ཡིད་ལ་གསལ་བོ་འདུག་པ་རེད།   མགོ་བོ་སྒུར་ནས་དགོད་ཙམ་བྱེད་པ་དང་།     ཡང་སྐབས་འགར་དེ་མོ་ཞིག་ར་ཞེས་སྐད་ཆ་མགོ་མེད་མཇུག་མེད་རེ་བཤད་བྱུང་ངོ་།    ཟླ་འགའ་འགོར་རྗེས་ང་རང་ཤི་མ་གསོན་བྲལ་གྱི་མོ་ལ་དགའ་ཞིང་།    ལྡིང་ཟེར་ན་ལྷ་ཡུལ་ཁམས་དང་མཆོང་ཟེར་ན་དམྱལ་བའི་འཕྲེང་ཡིན།   མོའི་ཀྱང་ང་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་པའི་ངེད་གཉིས་གཅིག་གི་མི་ཟ་ན་གཅིག་གི་མི་འཐུང་ཞེས་པའི་དགའ་རོགས་སུ་གྱུར་ཟིན།    ངེད་གཉིས་ཀྱི་མཉམ་དུ་དཔེ་ཀློག་བྱེད་པ་དང་།    ལྷན་དུ་ཟ་མ་ཟ་བ།    སྐབས་རེ་འཆམ་འཆམ་ལ་འགྲོ་བ་སོགས་བྱེད།    དུས་ནམ་ཞིག་ནས་མགོ་བརྩམས་པ་ང་རང་གི་ཡང་མ་ཚོར་མོད།   གང་ལྟར་བར་སྐབས་དེ་ནས་བཟུང་ངའི་མོ་རང་མ་མཐོང་ན་དུས་ཚོད་འགའ་ལ་ཡང་སྡོད་མི་ཚུགས་པའི་གནས་སུ་ལྷུང་།

དུས་ཚོད་འགར་མེ་འཁོར་ལ་བསྡད་རྗེས།   ངེད་གཉིས་གཞི་ནས་ཟི་ལིང་གྲོང་ཁྱེར་ལ་ཐོན་བྱུང་།     ཟི་ལིང་ནས་སྨི༡༥༠ཡས་མས་ཀྱི་ལམ་ཐག་ལ་རེས་འཁོར་དུ་་བསྡད་ནས་མཚོ་སྔོན་པོ་ལ་ཐོན་པ་རེད།   ངེད་གཉིས་ཀྱི་མཚོ་འགྲམ་ལ་འགྲོ་བའི་ཡུལ་བསྐོར་འཛིན་བྱང་ཉོས་པ་ཡིན།    མཚོ་འགྲམ་གྱི་མི་མང་པོ་ཞིག་བག་ཕེབས་དང་ལྷོད་གཡེང་ངང་འདུག་པ་དང་།   ལ་ལ་ཞིག་གི་འདྲ་པར་ལེན་པ་དང་།    ལ་ལ་ཞིག་ཉི་མ་ལྡེ་བ།   ཡང་ལ་ལ་ཞིག་གི་ཆུ་རྩེད་བྱེད་པ་སོགས་ཅི་བསམ་གང་འདོད་ཀྱི་རྩེད་མོ་སྣ་ཚོགས་ལ་རོལ་བཞིན་མཆིས།    ངེད་གཉིས་སྔོན་གྱི་བྱེད་སྒོ་དང་མཛེས་སྡུག་གི་ཡིད་དབང་འཕྲོག་ནས་རེ་ཞིག་ལ་ཅི་ཞིག་བྱེད་དགོས་པའང་མ་ཤེས་པ་མིག་མདུན་གྱི་བྱ་དངོས་སྣ་ཚོགས་དང་མཚོ་སྔོན་པོའི་མཛེས་སྡུག་ལ་གཡེང་ནས་བསྡད།       མོས་ང་ལ་བཤད་རྒྱུར་དབྱར་ཟླ་ལྔ་བའི་ཉི་མ་འདི་ཅི་འདྲའི་དྲོ་བ་ལ།    ངའི་ངེད་གཉིས་ལ་སྐོམ་ཆུ་ཞིག་ཉོ་ཡོང་ཟེར་ནས་ངའི་མཐོང་ལམ་ནས་མི་གསལ་བ་སྣང་སོང་།   ངའི་དུས་ཡུན་རིང་བོ་ཞིག་ལ་མོ་རང་སྒུག་ཀྱང་ཕྱིར་ཡོང་བ་མ་མཐོང་བའི་སེམས་ལ་རང་དབང་མེད་པར་འཚུབ་ཆ་ལངས་བྱུང་།    ངའི་མོ་རང་ལམ་ནོར་བྱུང་བ་ཡིན་ནམ་སྙམ།    ཡང་ལན་རེར་མོ་ལ་གཞན་གྱི་མགོ་བསྐོར་ཐེབས་སོང་བ་ཡིན་ནམ།   གལ་སྲིད་ཡིན་ན་མགོ་བསྐོར་གཏོང་བའི་མི་དེ་དག་ལ་ཤི་འཐབ་རོ་འཐབ་ཞིག་བྱེད་དགོས་ཡང་སྙམ།    སྐབས་དེར་ང་ནི་ནར་མ་སོན་པའི་བྱིས་པ་ཞིག་དང་འདྲ་བར།      ངའི་མོས་མིང་ནས་འབོད་པ་དང་མཚོ་འགྲམ་རྒྱུད་ནས་མོ་རང་བཙལ་བ་ཡིན།     ངའི་མོ་རང་བཙལ་ནས་ཡུན་རིང་འགོར་ཀྱང་མོས་གྲིབ་མ་ཙམ་ཡང་མཐོང་མ་བྱུང་།    མཐར་ང་ནི་རྣམ་གཤིས་བོར་བའི་བེན་པོ་ཞིག་དང་འདྲ་བར་ཅི་བྱ་གཏོལ་མེད་ངང་མཚོ་འགྲམ་ནས་ལུས་སོང་།

ངའི་ངོ་གདོང་ལ་ཚ་ལམ་ལམ་གྱི་ཆུ་ཐིགས་ཞིག་བཞུར་བའི་ཚོར་བ་ཡོད་དུས།     ད་གཟོད་དེ་དག་ཡོད་ཚད་རྨི་ལམ་ཐེངས་གཅིག་ཡིན་པ་ཤེས་བྱུང་།    ངའི་མོ་རང་འདང་དགོང་ཞག་གང་བོར་བཙལ་བྱུང་བ་འདྲ།    ངའི་སྔས་མགོ་ཡང་མིག་ཆུའི་བརློན་པ་བྱས་ཟིན།    མ་གཞི་མཚོ་སྔོན་པོ་ཡུལ་བསྐོར་ལ་འགྲོ་རྒྱུ་དེ་ནི་ངེད་གཉིས་ཀྱི་གྲོས་བསྡུར་བྱས་མྱོང་བའི་འཆར་གཞིའི་ནང་གསེས་ཀྱི་གཅིག་ཡིན།    ཡིན་ཡང་ཟླ་གཅིག་གི་ཡར་སྔོན་ནས་ངེད་གཉིས་རང་རང་གི་ས་ལ་བུད་སོང་།    རྒྱུ་རྐྱེན་གཙོ་བོ་ནི་སྐྱེས་པ་གཞན་ཞིག་གི་ངེད་གཉིས་ཀྱི་བརྩེ་དུང་ལ་གས་ཆགས་ཤོར་སོང་བ་རེད།    ཁོ་མོ་བཤད་པ་ལྟར་ན་སྐྱེས་པ་དེ་མོས་ངོ་ཤེས་ནས་ལོ་ངོ་བཞི་ཙམ་ལོན་པ་དང་ཁོ་ནི་མོ་དང་ཕ་ཡུལ་ཡང་གཅིག་པ་ཡིན་ཞེས་བཤད་བྱུང་།   བྱ་བའི་ཐད་ནས་འང་རྒྱལ་ཁ་ཐོབ་པའི་མི་ཞིག་ཡིན་པ་འདྲ།   སློབ་མཐར་ཕྱིན་ནས་རྒྱལ་ཁབ་ཀྱི་ལས་བྱེད་ལ་ཡང་ཞུགས་ཚར་ཞེས་སྨྲས་བྱུང་།   རང་གི་ཕ་མ་གཉིས་ཀྱང་ཁོ་ལ་ཧ་ཅང་དགའ་བོ་ཡོད་པ་དང་།    ཁོ་ཡང་མོ་ལ་དགའ་བོ་ཡོད་ཞེས་བཤད་བྱུང་།